ཞི་ཅིན་ཕིང་ནས་ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལ་ཧོ་མོང་དང་མཇལ་མོལ་གནང་བ།
2026-05-19 09:13

ཟླ་5ཚེས་12ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལ་ཧོ་མོང་དང་མཇལ་མོལ་གནང་བ་རེད།


ཞི་ཅིན་ཕིང་གིས་ཐ་ཇིག་སི་ཐན་རང་བཙན་བྱས་ནས་ལོ་35འཁོར་བ་དང་མ་ཟད། རྒྱལ་ཁབ་འཛུགས་སྐྲུན་གྱི་གྲུབ་འབྲས་གལ་ཆེན་ཐོབ་པར་རྟེན་འབྲེལ་ཞུས་གནང་ཡོད། ཞི་ཅིན་ཕིང་གིས། ཕན་ཚུན་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ནི་ཀྲུང་གོ་དང་ཐ་ཇིག་སི་ཐན་འབྲེལ་བའི་ལྟེ་བའི་དོན་སྙིང་ཡིན། ཕྱི་རོལ་གྱི་ཁོར་ཡུག་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཀྲུང་གོ་དང་ཐ་ཇིག་སི་ཐན་རྒྱལ་ཁབ་གཉིས་ནི་ནམ་ཡང་སོ་སྲུང་རོགས་རེས་ཀྱི་ཁྱིམ་མཚེས་བཟང་པོ་དང་། ལྷག་བསམ་ཟོལ་མེད་དང་ཕན་ཚུན་ཡིད་ཆེས་བྱེད་པའི་གྲོགས་པོ་བཟང་པོ། ལག་གདང་སྦྲེལ་ནས་གོང་འཕེལ་གཏོང་བའི་རོགས་ཟླ་བཟང་པོ་བཅས་ཡིན། ཕྱོགས་གཉིས་པོས《ཀྲུང་གོ་དང་ཐ་ཇིག་སི་ཐན་གྱི་ཡུན་རིང་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མཛའ་གྲོགས་མཉམ་ལས་ཆིངས་ཡིག》ལ་མིང་རྟགས་བཀོད་པ་དེས། རྒྱལ་ཁབ་གཉིས་པོའི་ཆུ་ཚད་མཐོ་བའི་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་གང་ལེགས་མངོན་པ་དང་། ཀྲུང་གོ་དང་ཐ་ཇིག་སི་ཐན་མི་རབས་ནས་མི་རབས་བར་མཛའ་མཐུན་ཡོང་བར་སྲ་ཞིང་བརྟན་པའི་འགན་ལེན་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐ་ཇིག་སི་ཐན་ཕྱོགས་དང་ལྷན་དུ་སྔར་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཐ་ཇིག་སི་ཐན་གྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་བསྐྲུན་འདོད་ཡོད་ཅེས་བསྟན་གནང་ཡོད།


ཞི་ཅིན་ཕིང་གིས། ཀྲུང་གོ་ཕྱོགས་ཀྱིས་སྔར་རྒྱུན་བཞིན་ཐ་ཇིག་སི་ཐན་གྱིས་རང་རྒྱལ་ཁབ་ཀྱི་རྒྱལ་ཚུལ་དང་འཚམ་པའི་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་། ཐ་ཇིག་སི་ཐན་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་རང་བཙན་དང་། བདག་དབང་། བདེ་འཇགས་བཅས་སྲུང་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ད་ལོ་ནི་ཀྲུང་གོའི་ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པ་འགོ་ཚུགས་པའི་ལོ་ཡིན་པ་དང་། ཐ་ཇིག་སི་ཐན་ཕྱོགས་ཀྱིས་ཀྱང“2030ལོའི་གོང་གི་རྒྱལ་ཁབ་གོང་འཕེལ་འཐབ་ཇུས”ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བཞིན་ཡོད། ཕྱོགས་གཉིས་པོས་སྤུས་ཚད་མཐོ་པོའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུ་གཙོ་གནད་དུ་བྱས་ཏེ། གོང་འཕེལ་གྱི་འཐབ་ཇུས་སྦྲེལ་མཐུད་དམ་ཟབ་བྱེད་པ་དང་། རང་སོ་སོའི་གོང་འཕེལ་གྱི་དམིགས་ཚད་ལ་རོགས་རམ་བྱེད་དགོས། དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་འཕེལ་ཕྱོགས་བཟང་པོ་སྲ་བརྟན་དུ་གཏོང་བ་དང་། མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་ཏེ། ཉོ་ཚོང་མ་འཇོག་གི་གཞི་ཁྱོན་དང་སྤུས་ཚད་དུས་གཅིག་ཏུ་མཐོ་རུ་གཏོང་དགོས། གཙོ་གནད་རྣམ་གྲངས་ལག་བསྟར་བྱ་རྒྱུ་འགན་ལེན་བྱས་ནས། སྦགས་མེད་ནུས་རྒྱུ་དང་། གྲངས་འཛིན་དཔལ་འབྱོར། རིག་ལྡན་གྲོང་ཁྱེར། མི་ཐབས་རིག་ནུས་སོགས་ཀྱི་མཉམ་ལས་རྒྱ་ཆེར་བཏང་ནས། ཚན་རྩལ་གསར་གཏོད་ཀྱི་སྒུལ་ནུས་ཆེ་རུ་གཏོང་དགོས། མི་ཆོས་རིག་གནས་སྤེལ་རེས་གཏིང་ཟབ་ཏུ་བཏང་ནས། ས་གནས་མཉམ་ལས་ཀྱི་དཔེ་དབྱིབས་གསར་པ་གཏོད་པ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་ཕན་ཚུན་ཤེས་རྟོགས་དང་ཕན་ཚུན་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས། ཁྲིམས་འཛིན་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། “སྟོབས་ཤུགས་ངན་པ་གསུམ”ལ་རྡུང་རྡེག་མཐའ་གཅིག་ཏུ་བཏང་ནས། ཐུན་མོང་ཐོག་ས་ཁུལ་གྱི་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཐ་ཇིག་སི་ཐན་ཕྱོགས་རྒྱལ་སྤྱིའི་འདུམ་འགྲིག་ཁང་ནང་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་དང་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་དང་། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས། ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་ལམ་སྲོལ་སོགས་ཀྱི་སྒྲོམ་གཞིའི་ནང་གི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་བ་དང་། དེ་བས་གཞུང་དྲང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་བསྐྲུན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་སྟོན་གནང་ཡོད།


ལ་ཧོ་མོང་གིས། དུས་རབས་གསར་པའི་ཐ་ཇིག་སི་ཐན་དང་ཀྲུང་གོའི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ད་ལྟ་གོང་འཕེལ་ཟམ་མི་ཆད་པར་འགྲོ་བཞིན་པ་དང་། ཉོ་ཚོང་དང་། མ་འཇོག འགྲིམ་འགྲུལ། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲུབ་འབྲས་ཀྱིས་ཕྱུག་པ་དང་། རྣམ་གྲངས་གལ་ཆེན་ལ་བདེ་བླག་ངང་སྐུལ་འདེད་བཏང་བ། མི་ཆོས་རིག་གནས་སྤེལ་རེས་ཉིན་བཞིན་ཇེ་ཟབ་ཏུ་འགྲོ་བ་བཅས་ཀྱིས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད། ཕྱོགས་གཉིས་པོས་དེ་རིང《ཀྲུང་གོ་དང་ཐ་ཇིག་སི་ཐན་གྱི་ཡུན་རིང་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མཛའ་གྲོགས་མཉམ་ལས་ཆིངས་ཡིག》ལ་མིང་རྟགས་བཀོད་ཅིང་། དེའི་ཐོག་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ལོ་རྒྱུས་ཀྱི་དུས་མཚམས་གསར་པར་སླེབས་པ་མཚོན་པ་དང་། རྒྱལ་ཁབ་གཉིས་པོའི་ཡུན་རིང་མཉམ་ལས་ལ་མདུན་ལྗོངས་གསར་པ་གཏོད་རྒྱུ་རེད། ཐའེ་ཝན་ནི་ཀྲུང་གོའི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་། ཐ་ཇིག་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལག་ལེན་མཐའ་གཅིག་ཏུ་བསྟར་རྒྱུ་ཡིན། ཐ་ཇིག་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འགག་རྩའི་གཏེར་རྒྱུ་དང་། མི་ཐབས་རིག་ནུས། ཚན་རིག་གསར་གཏོད་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ཐོག མི་སྣ་འགྲོ་འོང་ལ་སྟབས་བདེ་བསྐྲུན་པ་དང་། སློབ་གསོའི་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་འཕེལ་དེ་བས་ཆེ་བ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་བཞིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོས་འཛམ་གླིང་ལ་དོན་སྙིང་གལ་ཆེན་ལྡན་ཡོད། ཐ་ཇིག་སི་ཐན་ཕྱོགས་ཀྱིས་ཀྲུང་གོས་ཆབ་སྲིད་ལ་བརྟེན་ནས་རྒྱལ་སྤྱིའི་རྟགས་གླེང་གནད་དོན་ཐག་གཅོད་བྱ་རྒྱུར་འབད་བརྩོན་ཧུར་ཐག་བྱེད་པར་ཚད་མཐོའི་བསྔགས་བརྗོད་དང་། དབུས་ཤར་ས་ཁུལ་གྱི་དུས་བབ་ཞི་ལྷོད་དུ་འགྲོ་རྒྱུར་ནུས་པ་གལ་ཆེན་འདོན་སྤེལ་བྱས་པར་ཚད་མཐོའི་བསྔགས་བརྗོད་ཞུ་བཞིན་ཡོད། ཐ་ཇིག་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཕྱོགས་མང་མཉམ་ལས་བྱེད་པ་དང་། “སྟོབས་ཤུགས་ངན་པ་གསུམ”དང་རྒྱལ་ཁོངས་ལས་སྒྲོལ་བའི་ཉེས་གསོག་ལ་མཉམ་དུ་རྡུང་རྡེག་བཏང་ནས། ས་ཁུལ་གྱི་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་གསུངས་པ་རེད།


མཇལ་མོལ་གནང་གྲུབ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཐ་ཇིག་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡུན་རིང་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མཛའ་གྲོགས་མཉམ་ལས་ཆིངས་ཡིག》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཐ་ཇིག་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་དུས་རབས་གསར་པའི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》ལ་མཚན་རྟགས་བཀོད་པ་མ་ཟད་ཁྱབ་བསྒྲགས་གནང་བ་དང་། སྲིད་ཏང་གི་སྤེལ་རེས་དང་། དཔལ་འབྱོར་ཉོ་ཚོང་མ་འཇོག མི་ཐབས་རིག་ནུས། སྦགས་མེད་གཏེར་རྒྱུ། སྨྱན་སྦྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྣམ་གྲངས་བཅུ་ལྷག་གི་ཡིག་ཆར་མིང་རྟགས་བཀོད་པར་བདེན་དཔང་གནང་ཡོད།


མཚམས་འདྲི་གནང་རིང་། ཕྱོགས་གཉིས་པོས་ད་དུང་ཞིང་ལས་དང་། རིག་གནས། སློབ་གསོ། སྡོད་ཁང་འཛུགས་སྐྲུན། རིམས་ནད་ཞིབ་བཤེར། ཁྲོམ་རའི་ལྟ་སྐུལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྣམ་གྲངས་བཅུ་ལྷག་གི་ཡིག་ཆར་མིང་རྟགས་བཀོད་ཡོད།


མཇལ་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་གྱི་ཐང་ཆེན་ཐོག་ལ་ཧོ་མོང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཉེར་ཡོད།


ལ་ཧོ་མོང་ཕེབས་འབྱོར་ཟིན་སྐབས། གུས་ལུགས་དམག་གིས་རུ་སྟར་སྒྲིག་ནས་གུས་འདུད་ཞུས་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གཟིགས་སྟེགས་ཐོག་ཕེབས་པ་དང་། དམག་དཔུང་རོལ་ཆ་རུ་ཁག་གིས་ཀྲུང་གོ་དང་ཐ་ཇིག་སི་ཐན་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་གཏོང་བྱས་པ་དང་། གནམ་བདེ་སྒོ་མོའི་ཐང་ཆེན་ཐོག་གུས་ལུགས་མེ་སྒྱོགས་ཐེངས་21བརྒྱབ་ཡོད། ལ་ཧོ་མོང་ནས་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་མ་ཟད། དམག་རིགས་རྣམ་འབྱེད་ཀྱི་རུ་སྟར་ལ་གཟིགས་གནང་ཡོད།


ཉིན་དེའི་དགོང་མོ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་ལ་ཧོ་མོང་ལ་བསུ་བ་ཞུ་བའི་གསོལ་སྟོན་བཤམས་ཡོད།


ཝང་དབྱི་དང་ཝང་ཞའོ་ཧུང་སོགས་གོང་གསལ་བྱེད་སྒོར་ཞུགས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
网友评论
网友评论仅供其发表个人看法,并不表明我司立场
0
评论(0)
收藏
最  新  内  容
相  关  推  荐
换一换