甘孜州传媒中心主办       热线:0836-5124430       
རང་སྲོག་དོར་ནས་ས་མཐོའི་དུས་བདེ་སྲུང་མཁན་དཔའ་བོར་ཕེབས་སྐྱེལ་ཞུས།
2026-03-23 16:10

 ཟླ་2ཚེས་27ཉིན། “མི་བསད་ནས་ལོ་25བྲོས་བྱོལ་དུ་སོང་བའི་ཉེས་གསོག་དོགས་ཅན་བསོད་ཆེ་གེ་མོ་གསེར་དེའུ་གྲོང་རྡལ་གྱི་ཕུའི་མཚེར་ས་ཞིག་ཏུ་གབ་ནས་ཡོད་པ་དང་། ད་དུང་མེ་མདའ་འདུག”ཅེས་ཁུངས་སྣེ་ཞིག་ཁྱུང་མཆུ་རྫོང་སྤྱི་བདེ་ཅུས་ལ་འབྱོར་བ་མ་ཐག་ཅུས་དེས་ཁོ་པ་འཛིན་རྒྱུའི་ཇུས་ཞིབ་ཅིང་ཕྲ་བ་ཞིག་བཏིངས། གྲོང་རྡལ་དེར་རྒྱུས་མངའ་ཡོད་པའི་ངག་དབང་དགེ་ལེགས་ཀྱིས་ད་རེས་ཀྱི་འཛིན་བཟུང་ལས་འགན་ལ་ཞུགས་རྒྱུའི་རེ་བ་ཞུས།

    ཆུ་ཚོད་10དང་སྐར་མ་31ཙམ་ལ། མི་དམངས་ཉེན་རྟོག་པས་བསོད་ཆེ་གེ་མོ་དང་ཁོ་པའི་གཅེན་པོ་ཉི་ཆེ་གེ་མོ་གབ་སའི་ས་ཕག་ཁང་པའི་མཐའ་ནས་བསྐོར། རྨོག་ཞྭ་གྱོན་པ་དང་ལུས་ལ་མདེལ་འགོག་སྟོད་ཐུང་གོན་པའི་ངག་དབང་དགེ་ལེགས་ཀྱིས་མདུན་དུ་བཤོར་ནས་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། མཚེར་སའི་མཐའ་བཞི་སྡེར་ཐང་ཡིན་པས་ན་ངག་དབང་དགེ་ལེགས་ཀྱིས་ལྕི་ཕུང་དང་ཤིང་གི་སྐྱོར་རའི་རྒྱབ་ཏུ་ཡིབ་ནས་གཟབ་གཟབ་སིལ་སིལ་ངང་སྡིར་སོ་སྤྲོས་ས་ཡག་ཤོས་ཤིག་བཙལ།



    བསམ་ཡུལ་ལས་འདས་པ་ཞིག་ལ། གཡོ་སྒྱུ་དང་གདུག་རྩུབ་ཆེ་བའི་ཉེས་གསོག་དོགས་ཅན་གྱིས་ངག་དབང་དགེ་ལེགས་ཡིབ་ས་ཧ་གོ་ནས་ཁང་པའི་ནང་ནས་མེ་མདའ་བརྒྱབ། མདེའུ་དེ་ཏག་ཏག་སྐེའི་ཁྲག་རྩར་ཕོག་སྟེ་ཁྲག་དམར་ཆིལ་ལེར་འཐོར་ནས་མདེལ་འགོག་སྟོད་ཐུང་ཁྲག་གིས་ཡོངས་སུ་ཚོས། དེའི་ཚེ་ཁོང་གིས་ལུས་པོ་ཅུང་འགུལ་ཙམ་བྱས་པ་དང་སྐད་ཆ་ཤོད་མི་ཐུབ་ཀྱང་རིག་པ་བསྒྲིམས་ནས་འཕྲལ་མར་སར་མ་འགྱེལ་བ་བྱས།

    ངག་དབང་དགེ་ལེགས་ཀྱིས་ཨམ་གཙིགས་བསྡམས་ཤིང་རྨ་ཁ་བཀབ་ནས་ག་ལེར་རྒྱབ་ཤིག་བརྒྱབ་པ་དང་། འཐབ་གྲོགས་ཀྱིས་ཀྱང་འཕྲལ་དུ་ཁོང་བསྐྱོར་ནས་འགྲམ་གྱི་རྟ་རའི་ནང་བསྙལ། མེ་མདའ་ཕོག་ནས་དུས་ཐུང་སྐར་ཆ་12ནང་ཁོང་བསྙལ་ས་ཁྲག་གིས་ཚོས་ནས་དམར་པོར་གྱུར་ནའང་། ད་དུང་མེ་མདའ་ལག་ཏུ་དམ་པོར་བཟུང་ཡོད་པ་རེད།  



    ས་ཡུལ་དངོས་ཀྱི་ཉེན་རྟོག་པས་མུ་མཐུད་ཉེས་གསོག་དོགས་ཅན་མཐའ་ནས་བསྐོར་ཏེ་རྗེས་འདེད་བཏང་། ཕྱི་ནས་སྐོར་མཁན་འཐབ་གྲོགས་ཚོ་འཕྲལ་དུ་ཡོང་ནས་ངག་དབང་དགེ་ལེགས་ཉེན་རྟོག་པའི་རླངས་འཁོར་ནང་བླུགས་ཏེ་ལམ་སེང་སྨན་ཁང་དུ་བསྐྱལ། ཡིན་ནའང་རྨས་སྐྱོན་ཚབས་ཆེན་ཕོག་པ་དང་ཁྲག་མང་པོ་དོན་པའི་དབང་གིས་ངག་དབང་དགེ་ལེགས་ཉིན་དེའི་ཆུ་ཚོད་16དང་སྐར་མ་03ལ་སྐུ་གཤེགས་པ་རེད། 

    འཛིན་བཟུང་གི་བྱ་སྤྱོད་སྤེལ་རིང་། ངག་དབང་དགེ་ལེགས་དཔའ་ངར་ཆེན་པོས་སྐུ་གཤེགས་པ་དང་འཐབ་གྲོགས་གཅིག་ལ་རྨས་སྐྱོན་ཕོག་ཡོད། ཉེན་རྟོག་ཕྱོགས་ཀྱིས་ནུས་ཤུགས་ཡོད་རྒུས་རྗེས་འདེད་དང་རུབ་ནས་སྔོག་འཛིན་བྱས་པས་ཉེས་གསོག་དོགས་ཅན་གཉིས་པོ་མཐར་རང་ཉེས་ལ་བསྐྲགས་ནས་རང་ཤི་བརྒྱབ་པ་དང་། གྱོད་གཞི་དང་འབྲེལ་བའི་མེ་མདའ་དང་མདེའུ་ཚང་མ་གཞུང་བཞེས་བཏང་བ་རེད།  


     

    ཚེས་20ཉིན་གྱི་སྔ་དྲོར། ངག་དབང་དགེ་ལེགས་ལ་མྱ་ངན་ཞུ་བའི་ཚོགས་འདུ་ཁྱུང་མཆུ་རྫོང་དུ་འཚོགས་ཤིང་། སྤྱི་ཚོགས་ལས་རིགས་ཁག་ནས་ཡོང་བའི་མི་སྣ་དང་། སྤྱི་བདེའི་འཐབ་གྲོགས། འབྲོག་པ་མང་ཚོགས་བཅས་མ་གྲོས་གཅིག་མཐུན་གྱིས་མྱ་ངན་ཞུ་བར་ཡོང་སྟེ་སྲོག་བསྡོས་ཀྱིས་ས་མཐོའི་དུས་བདེ་སྲུང་མཁན་དཔའ་བོར་ཕེབས་སྐྱེལ་ཞུས་པ་དང་། ཁོང་གི་ཉེན་རྟོག་ཨང་རྟགས“114382”ད་ནས་བཟུང་སྡོམ་ཉར་བྱས་པ་རེད། 


དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གཏོང་སྦྱོར་ལྟེ་གནས།

གསར་འགྱུར། རིག་གནས།

གྱེར་འདོན། བརྙན་རིས།

འབྲེལ་གཏུགས་བྱེད་ཡུལ། 

དོན་འགྲུབ་ཕུན་ཚོགས། 

འཇམ་དབྱངས་མཁྱེན་རབ།

ཁ་པར་ཨང་གྲངས།

 0836-2838261

ལྟ་སྐུལ་བ། དོན་འགྲུབ་ཕུན་ཚོགས།

གཙོ་འགན་པ། དོན་འགྲུབ་ཕུན་ཚོགས།

རྩོམ་སྒྲིག་པ། འཇམ་དབྱངས་མཁྱེན་རབ།

网友评论
网友评论仅供其发表个人看法,并不表明我司立场
0
评论(0)
收藏
最  新  内  容
相  关  推  荐
换一换